དམིགས་ཡུལ་དང་རེ་སྨོན།

སྒྲིག་འཇུག་བྱེད་བཞིན་ཡོད།

Sunday, August 28, 2011

དངུལ་མདོག་གིས་འཚེར་བའི་གཟི་ཉམས།


༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་༽དབུ་བརྙེས་ཏེ་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་དུ་བྲིས་པ།

ལེཊ་བྱས་སྤྲིན་དཀར་འདབ་མའི་ཀློང་དུ་ལྷོད་ཀྱིས་འཛུམ་པའི་བདག་མོ་སྟེ། །
རིས་མེད་སྤྱན་ཟུང་གཡོ་བའི་ཟུར་མདའ་བྱམས་བརྩེས་ཕྱུག་པའི་ན་ཆུང་མ། །
ལི་ཤིའི་དྲི་བསུང་ཞལ་ཆབ་དྲོན་མོ་མཁས་རྣམས་དགྱེས་པའི་དགའ་སྟོན་དུ། །
ལྷོད་ཀྱིས་འཇོ་མཛད་ཚངས་པའི་སྲས་མོ་དདཔ་རྒྱ་མཚོའི་ཀློང་ནས་མཆོད། །

རིག་བྱེད་རྒྱུད་མངས་མགྲིན་པར་བྱུགས་པའི་རྩོམ་རིག་མཁས་པ་དག་ལའང་། །
བརྗོད་བྱའི་དོན་ཀུན་ཡོངས་སུ་རྫོགས་པར་འཕྲུལ་དང་སོར་མོའི་རྩལ་དབེན་པས། །
བྱེའུ་ཆུང་བདག་གི་གཤོག་རླབས་ཕྲ་མོས་མཁའ་འདིའི་སྤྱི་རྒྱ་ཆོད་དཀའ་ཡང༌། །
ཁ་བཏགས་དཀར་པོའི་ཟོལ་ལས་བཞེངས་ཏེ་ཉེར་ལྔའི་དུས་དྲན་གླུ་རུ་བཞེངས། །

རྒྱལ་གཤེན་ཆེན་པོའི་ཞབས་ཀྱི་རེ་ཁཱ་གངས་ཅན་འཛིན་མའི་མཁའ་རུ་བསྒྱུར། །
རབ་འབྱམས་བོན་གྱི་གདམས་དོན་ཟབ་མོ་འགྲོ་བའི་རེ་ལྟོས་བཞིན་དུ་གསུངས། །
སྐྱེ་རྒུའི་མུན་པ་ལྷག་མེད་གཞོམ་ཕྱིར་གཞན་དོན་བསྒྲུབ་ལ་དམ་བཅའ་མཛད། །
རྒྱལ་དང་འཕགས་པའི་གཙོ་བོར་མངའ་མཛད་གཤེན་རྒྱལ་ཞབས་ལ་པ་ཏ་ཡ། །

ལུང་དང་རྟོགས་པའི་བསྟན་པས་བསྡུས་པའི་ཟབ་དོན་འཕྲུལ་ངག་དྲུང་མུ་གྱེར། །
བཤད་སྒྲུབ་བསྟན་པའི་རུ་དར་མཐོན་པོ་དཀར་ནག་རྒྱ་དང་རྟག་གཟིགས་ཡུལ། །
ཞང་ཞུང་ལ་སོགས་ཡུལ་གྲུ་དུ་མར་རླབས་ཀྱིས་འཕྱོར་བའི་མཁས་རྣམས་སྟེ། །
པཎ་གྲུབ་རྣམས་ཀྱི་མཛད་རྗེས་ཟབ་མོས་སྟོང་གསུམ་སྲིད་པའི་ཁྱོན་ཀུན་ཁྱབ།

གནའ་མཁར་ལོ་རྒྱུས་སྟོང་གི་གསེབ་དང་ཐལ་རྡུལ་བྱེ་མའི་བྲག་འཕྲང་བརྒྱུད། །
བགྲང་བྱ་སྟོང་ཕྲག་དུ་མའི་རབས་ནས་གངས་རིའི་མངལ་དུ་སྦྲུམས་ན་ཡང༌། །
ལན་རེར་མི་འདོད་ཐན་དང་ལྟེས་ཀྱིས་དབང་མེད་བྲག་ལ་བརྡབ་པ་སོགས། །
སེང་ཕྲུག་གཞོན་ནུའི་སྙིང་གི་གསེབ་ན་ཟུག་གཟེར་འབར་བའི་འཁང་ར་མང་། །

གསོ་བྱེད་སྨན་གྱི་ལྗོན་པའི་རྩེ་མོར་བཤད་སྒྲུབ་བསྟན་པའི་ཉི་གཞོན་མཆོག །
གསར་དུ་ཤར་ནས་བགྲང་བྱ་ཉེར་ལྔའི་དགའ་སྟོན་ཡོ་ལང་ཚེས་པའི་སྐབས། །
ཞྭ་དཀར་བསྟན་པའི་ཉིན་བྱེད་ཆེན་པོ་སྐྱབས་མཆོག་བླ་མ་དམ་པའི་མདུན། །
མོས་པ་སྟོང་གི་འདབ་མའི་སྦུབས་ནས་མཆོད་པའི་སྤྲིན་ཚོམ་ཡོན་དུ་འབུལ། །

འདོད་པའི་ཡོན་ལ་ཆགས་ཞེན་བྲལ་ཡང་ཞབས་ཟུང་འཁོར་ལོས་ཕྱོགས་སུ་བསྒྱུར། །
ཐུགས་སྤོབས་གསེར་ཞུན་རྒྱ་མཚོའི་ཀློང་དུ་བསྟན་དོན་བསྒྲུབ་པའི་འགན་དེ་བཞེས།
གཅེས་པའི་སྐུ་སྲོག་འབེན་དུ་བཙུགས་ནས་བསྟན་པའི་མེ་རྡུལ་སླར་ཡང་གསོས། །
གྱེར་བསྟན་འཛིན་མའི་པད་ཚལ་བསྐྱངས་ཞེས་གླིང་བཞིའི་བུ་མོའི་འགྲམ་པ་ལྡིར།

ཐུགས་ཉིད་ཞི་བའི་ལྷ་དར་འོག་ཏུ་བསྟན་དོན་མཛད་རྗེས་འབུམ་ཕྲག་འཁྲུངས། །
ཉམ་ཐག་སློབ་བུའི་ཚོགས་ཀྱི་འཁོར་ལོར་གདམ་ངག་ཆར་རྒྱུན་ཟེ་མ་བསིལ། །
འདུ་འཛིའི་བྱ་བཞག་རྒྱབ་ཏུ་བཏང་ནས་ལྟ་སྒོམ་ཟབ་མོའི་ཉམས་ལེན་བཞེས། །
བླ་མ་དམ་པའི་མཛད་འཕྲིན་རེ་རེར་སྟོང་གསུམ་གསེར་གྱིས་འགྲན་མ་ཡིན། །

གངས་དཀར་ཏི་སེའི་འདབས་ནས་བཟུང་སྟེ་སྨད་ཕྱོགས་རྒྱ་རོང་ས་ཡི་ཁྱོན། །
མ་བོས་ངང་གིས་ཀུན་ནས་འདུས་པའི་བཤད་སྒྲུབ་བསྟན་པའི་སློབ་གླིང་སྟེ། །
འཆད་དང་རྩོད་དང་རྩོམ་པའི་ཉམས་ལེན་གངྒའི་ཀློང་བཞིན་རྟག་ཏུ་འཕེལ། །
ངེས་དོན་བཤད་སྒྲུབ་བསྟན་པའི་སྡེ་འདི་སེང་ཕྲུག་འདུས་པའི་ར་བར་གྱུར། །

སྡེ་འགའ་འཆད་པའི་གནས་ལ་འཁོར་ཞིང་རྩོམ་རིག་སྒྱུ་རྩལ་བག་ལ་ཡིབ། །
རེ་འགའ་རྩོམ་གྱི་འགྲོས་ལ་འཁོར་ཏེ་རྩོད་པའི་ལྗགས་རྩེ་དམ་དུ་བཏགས། །
འགའ་ཞིག་ཁ་རྩོད་ཚིག་ལ་གོམས་པས་དོན་གྱི་གནས་ལུགས་རྒྱང་དུ་ཡལ། །
སློབ་གླིང་འདི་རུ་མཁས་པའི་དབང་པོ་གསེར་རིའི་ཕྲེང་བཞིན་སྟར་དུ་བསྒྲིགས།

རྡསྤྲོད་རིག་པའི་སྲོལ་རྒྱུན་འདེད་ནས་རྩོམ་རིག་དགའ་མའི་ལང་ཚོར་རོལ། །
དཀར་ནག་རྩིས་ཀྱི་རི་མོའི་ལམ་ནས་ཤེས་བྱའི་འདུ་འབྲལ་གཏན་ལ་འབེབས། །
ཞང་ཞུང་རྒན་པོའི་སྐད་ཡིག་ཚུན་ཆད་སྒྲདང་བསྟན་བཅོས་ལམ་ནས་སྒྲོགས། །
ལོརྒྱུས་ཚངས་པའི་མདའ་ལམ་དེ་ནས་མཁས་པའི་གཟི་བྱིན་སྲིད་ན་མཆེད།

གསོ་བྱེད་སྨན་གྱི་ལག་ལེན་ཟབ་མོས་དཔྱད་བུ་ཁྲི་ཤེས་སྲོལ་རྒྱུན་བསྐྱངས། །
ཕྱག་རིས་འཕྲུལ་གྱི་སྒྱུ་རྩལ་ཟབ་མོས་ཡིག་ལྷ་འཕྲུལ་བུའི་རིང་ལུགས་འདེད། །
སྐུ་གདུང་མཆོད་རྟེན་དཀྱིལ་འཁོར་ལ་སོགས་གར་མ་ལི་ཤོའི་རྗེས་སུ་སྙེགས།
རིག་པའི་འཕྲུལ་རྩལ་ངང་གིས་སྒྱུར་བའི་མཛད་རྗེས་རི་མོ་ལྷག་གེར་བརྗིད།

བསྡུས་གྲྭའི་འཕྲང་ལ་བཙན་གྱིས་བརྒལ་ཏེ་ཚུལ་གསུམ་རིཊ་པའི་ཚལ་དུ་སྐྱོད། །
ཚད་གསུམ་རྒྱལ་བའི་ལུང་དང་བསྡེབས་ཏེ་ཕྱིན་དྲུག་མེ་ཏོག་ལྷོད་ཀྱིས་བཏུས།
སྣོད་བཅུད་འཇིག་པའི་རྨང་གཞི་སློག་སྟེ་རང་སེམས་འདུལ་བའི་ཐབས་ལ་འབད།
བཀའ་པོད་རྣམ་ལྔའི་གཞུང་ལུགས་ཀུན་ལ་མཁྱེན་རྟོགས་བློ་གྲོས་ཕུལ་དུ་ཕྱིན། །

གསང་སྔས་ཟབ་མོས་སྣོད་བཅུད་འཇིག་རྟེན་དག་པའི་ལྷ་དང་ལྷ་མོར་བསྒྱུར། །
མི་གཙང་ལྗན་ལྗིན་དྲི་མའི་སྦུ་བ་བདུད་རྩིར་གོམས་པའི་གཤིས་ཉམས་འབར། །
ལྷུན་གྲུབ་དགོངས་པའི་མཐིལ་རྒྱ་བརྟོལ་ཏེ་རང་སྣང་རྫོགས་ཆེན་ཁྲི་འཕང་གནོན།
གྲུབ་མཐའ་ཀུན་གྱི་རྒྱལ་པོར་བསྔགས་པ་གཡུང་དྲུང་ཐེག་པའི་ཡང་རྩེ་བསྟོད། །

གདོས་པའི་ལུས་འདི་མི་ཁོམ་བྲེལ་བས་དྲ་བར་བཏགས་པའི་མཚན་མོ་ཞིག །
ཉེར་ལྔའི་དགའ་སྟོན་གླུ་རུ་ལོངས་ཞེས་དྲན་བསྐུལ་ལྷ་མོའི་ལུང་བསྟན་འབྱོར། །
དངུལ་མདོག་དཀར་པོའི་གཟི་ཉམས་ཁྲོད་དུ་ཕྱི་མིག་ཡུད་ཙམ་བཏང་བའི་མོད། །
ལྷན་སྐྱེས་ངག་གི་འཁོར་ལོའི་གར་སྟབས་འདི་ལྟར་ཤོག་དཀར་གཞི་རུ་བསྒྱུར།

No comments:

Post a Comment