དམིགས་ཡུལ་དང་རེ་སྨོན།

སྒྲིག་འཇུག་བྱེད་བཞིན་ཡོད།

Sunday, August 28, 2011

དངུལ་མདོག་གིས་འཚེར་བའི་གཟི་ཉམས།


༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་༽དབུ་བརྙེས་ཏེ་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་དུ་བྲིས་པ།

ལེཊ་བྱས་སྤྲིན་དཀར་འདབ་མའི་ཀློང་དུ་ལྷོད་ཀྱིས་འཛུམ་པའི་བདག་མོ་སྟེ། །
རིས་མེད་སྤྱན་ཟུང་གཡོ་བའི་ཟུར་མདའ་བྱམས་བརྩེས་ཕྱུག་པའི་ན་ཆུང་མ། །
ལི་ཤིའི་དྲི་བསུང་ཞལ་ཆབ་དྲོན་མོ་མཁས་རྣམས་དགྱེས་པའི་དགའ་སྟོན་དུ། །
ལྷོད་ཀྱིས་འཇོ་མཛད་ཚངས་པའི་སྲས་མོ་དདཔ་རྒྱ་མཚོའི་ཀློང་ནས་མཆོད། །

རིག་བྱེད་རྒྱུད་མངས་མགྲིན་པར་བྱུགས་པའི་རྩོམ་རིག་མཁས་པ་དག་ལའང་། །
བརྗོད་བྱའི་དོན་ཀུན་ཡོངས་སུ་རྫོགས་པར་འཕྲུལ་དང་སོར་མོའི་རྩལ་དབེན་པས། །
བྱེའུ་ཆུང་བདག་གི་གཤོག་རླབས་ཕྲ་མོས་མཁའ་འདིའི་སྤྱི་རྒྱ་ཆོད་དཀའ་ཡང༌། །
ཁ་བཏགས་དཀར་པོའི་ཟོལ་ལས་བཞེངས་ཏེ་ཉེར་ལྔའི་དུས་དྲན་གླུ་རུ་བཞེངས། །

རྒྱལ་གཤེན་ཆེན་པོའི་ཞབས་ཀྱི་རེ་ཁཱ་གངས་ཅན་འཛིན་མའི་མཁའ་རུ་བསྒྱུར། །
རབ་འབྱམས་བོན་གྱི་གདམས་དོན་ཟབ་མོ་འགྲོ་བའི་རེ་ལྟོས་བཞིན་དུ་གསུངས། །
སྐྱེ་རྒུའི་མུན་པ་ལྷག་མེད་གཞོམ་ཕྱིར་གཞན་དོན་བསྒྲུབ་ལ་དམ་བཅའ་མཛད། །
རྒྱལ་དང་འཕགས་པའི་གཙོ་བོར་མངའ་མཛད་གཤེན་རྒྱལ་ཞབས་ལ་པ་ཏ་ཡ། །

ལུང་དང་རྟོགས་པའི་བསྟན་པས་བསྡུས་པའི་ཟབ་དོན་འཕྲུལ་ངག་དྲུང་མུ་གྱེར། །
བཤད་སྒྲུབ་བསྟན་པའི་རུ་དར་མཐོན་པོ་དཀར་ནག་རྒྱ་དང་རྟག་གཟིགས་ཡུལ། །
ཞང་ཞུང་ལ་སོགས་ཡུལ་གྲུ་དུ་མར་རླབས་ཀྱིས་འཕྱོར་བའི་མཁས་རྣམས་སྟེ། །
པཎ་གྲུབ་རྣམས་ཀྱི་མཛད་རྗེས་ཟབ་མོས་སྟོང་གསུམ་སྲིད་པའི་ཁྱོན་ཀུན་ཁྱབ།

གནའ་མཁར་ལོ་རྒྱུས་སྟོང་གི་གསེབ་དང་ཐལ་རྡུལ་བྱེ་མའི་བྲག་འཕྲང་བརྒྱུད། །
བགྲང་བྱ་སྟོང་ཕྲག་དུ་མའི་རབས་ནས་གངས་རིའི་མངལ་དུ་སྦྲུམས་ན་ཡང༌། །
ལན་རེར་མི་འདོད་ཐན་དང་ལྟེས་ཀྱིས་དབང་མེད་བྲག་ལ་བརྡབ་པ་སོགས། །
སེང་ཕྲུག་གཞོན་ནུའི་སྙིང་གི་གསེབ་ན་ཟུག་གཟེར་འབར་བའི་འཁང་ར་མང་། །

གསོ་བྱེད་སྨན་གྱི་ལྗོན་པའི་རྩེ་མོར་བཤད་སྒྲུབ་བསྟན་པའི་ཉི་གཞོན་མཆོག །
གསར་དུ་ཤར་ནས་བགྲང་བྱ་ཉེར་ལྔའི་དགའ་སྟོན་ཡོ་ལང་ཚེས་པའི་སྐབས། །
ཞྭ་དཀར་བསྟན་པའི་ཉིན་བྱེད་ཆེན་པོ་སྐྱབས་མཆོག་བླ་མ་དམ་པའི་མདུན། །
མོས་པ་སྟོང་གི་འདབ་མའི་སྦུབས་ནས་མཆོད་པའི་སྤྲིན་ཚོམ་ཡོན་དུ་འབུལ། །

འདོད་པའི་ཡོན་ལ་ཆགས་ཞེན་བྲལ་ཡང་ཞབས་ཟུང་འཁོར་ལོས་ཕྱོགས་སུ་བསྒྱུར། །
ཐུགས་སྤོབས་གསེར་ཞུན་རྒྱ་མཚོའི་ཀློང་དུ་བསྟན་དོན་བསྒྲུབ་པའི་འགན་དེ་བཞེས།
གཅེས་པའི་སྐུ་སྲོག་འབེན་དུ་བཙུགས་ནས་བསྟན་པའི་མེ་རྡུལ་སླར་ཡང་གསོས། །
གྱེར་བསྟན་འཛིན་མའི་པད་ཚལ་བསྐྱངས་ཞེས་གླིང་བཞིའི་བུ་མོའི་འགྲམ་པ་ལྡིར།

ཐུགས་ཉིད་ཞི་བའི་ལྷ་དར་འོག་ཏུ་བསྟན་དོན་མཛད་རྗེས་འབུམ་ཕྲག་འཁྲུངས། །
ཉམ་ཐག་སློབ་བུའི་ཚོགས་ཀྱི་འཁོར་ལོར་གདམ་ངག་ཆར་རྒྱུན་ཟེ་མ་བསིལ། །
འདུ་འཛིའི་བྱ་བཞག་རྒྱབ་ཏུ་བཏང་ནས་ལྟ་སྒོམ་ཟབ་མོའི་ཉམས་ལེན་བཞེས། །
བླ་མ་དམ་པའི་མཛད་འཕྲིན་རེ་རེར་སྟོང་གསུམ་གསེར་གྱིས་འགྲན་མ་ཡིན། །

གངས་དཀར་ཏི་སེའི་འདབས་ནས་བཟུང་སྟེ་སྨད་ཕྱོགས་རྒྱ་རོང་ས་ཡི་ཁྱོན། །
མ་བོས་ངང་གིས་ཀུན་ནས་འདུས་པའི་བཤད་སྒྲུབ་བསྟན་པའི་སློབ་གླིང་སྟེ། །
འཆད་དང་རྩོད་དང་རྩོམ་པའི་ཉམས་ལེན་གངྒའི་ཀློང་བཞིན་རྟག་ཏུ་འཕེལ། །
ངེས་དོན་བཤད་སྒྲུབ་བསྟན་པའི་སྡེ་འདི་སེང་ཕྲུག་འདུས་པའི་ར་བར་གྱུར། །

སྡེ་འགའ་འཆད་པའི་གནས་ལ་འཁོར་ཞིང་རྩོམ་རིག་སྒྱུ་རྩལ་བག་ལ་ཡིབ། །
རེ་འགའ་རྩོམ་གྱི་འགྲོས་ལ་འཁོར་ཏེ་རྩོད་པའི་ལྗགས་རྩེ་དམ་དུ་བཏགས། །
འགའ་ཞིག་ཁ་རྩོད་ཚིག་ལ་གོམས་པས་དོན་གྱི་གནས་ལུགས་རྒྱང་དུ་ཡལ། །
སློབ་གླིང་འདི་རུ་མཁས་པའི་དབང་པོ་གསེར་རིའི་ཕྲེང་བཞིན་སྟར་དུ་བསྒྲིགས།

རྡསྤྲོད་རིག་པའི་སྲོལ་རྒྱུན་འདེད་ནས་རྩོམ་རིག་དགའ་མའི་ལང་ཚོར་རོལ། །
དཀར་ནག་རྩིས་ཀྱི་རི་མོའི་ལམ་ནས་ཤེས་བྱའི་འདུ་འབྲལ་གཏན་ལ་འབེབས། །
ཞང་ཞུང་རྒན་པོའི་སྐད་ཡིག་ཚུན་ཆད་སྒྲདང་བསྟན་བཅོས་ལམ་ནས་སྒྲོགས། །
ལོརྒྱུས་ཚངས་པའི་མདའ་ལམ་དེ་ནས་མཁས་པའི་གཟི་བྱིན་སྲིད་ན་མཆེད།

གསོ་བྱེད་སྨན་གྱི་ལག་ལེན་ཟབ་མོས་དཔྱད་བུ་ཁྲི་ཤེས་སྲོལ་རྒྱུན་བསྐྱངས། །
ཕྱག་རིས་འཕྲུལ་གྱི་སྒྱུ་རྩལ་ཟབ་མོས་ཡིག་ལྷ་འཕྲུལ་བུའི་རིང་ལུགས་འདེད། །
སྐུ་གདུང་མཆོད་རྟེན་དཀྱིལ་འཁོར་ལ་སོགས་གར་མ་ལི་ཤོའི་རྗེས་སུ་སྙེགས།
རིག་པའི་འཕྲུལ་རྩལ་ངང་གིས་སྒྱུར་བའི་མཛད་རྗེས་རི་མོ་ལྷག་གེར་བརྗིད།

བསྡུས་གྲྭའི་འཕྲང་ལ་བཙན་གྱིས་བརྒལ་ཏེ་ཚུལ་གསུམ་རིཊ་པའི་ཚལ་དུ་སྐྱོད། །
ཚད་གསུམ་རྒྱལ་བའི་ལུང་དང་བསྡེབས་ཏེ་ཕྱིན་དྲུག་མེ་ཏོག་ལྷོད་ཀྱིས་བཏུས།
སྣོད་བཅུད་འཇིག་པའི་རྨང་གཞི་སློག་སྟེ་རང་སེམས་འདུལ་བའི་ཐབས་ལ་འབད།
བཀའ་པོད་རྣམ་ལྔའི་གཞུང་ལུགས་ཀུན་ལ་མཁྱེན་རྟོགས་བློ་གྲོས་ཕུལ་དུ་ཕྱིན། །

གསང་སྔས་ཟབ་མོས་སྣོད་བཅུད་འཇིག་རྟེན་དག་པའི་ལྷ་དང་ལྷ་མོར་བསྒྱུར། །
མི་གཙང་ལྗན་ལྗིན་དྲི་མའི་སྦུ་བ་བདུད་རྩིར་གོམས་པའི་གཤིས་ཉམས་འབར། །
ལྷུན་གྲུབ་དགོངས་པའི་མཐིལ་རྒྱ་བརྟོལ་ཏེ་རང་སྣང་རྫོགས་ཆེན་ཁྲི་འཕང་གནོན།
གྲུབ་མཐའ་ཀུན་གྱི་རྒྱལ་པོར་བསྔགས་པ་གཡུང་དྲུང་ཐེག་པའི་ཡང་རྩེ་བསྟོད། །

གདོས་པའི་ལུས་འདི་མི་ཁོམ་བྲེལ་བས་དྲ་བར་བཏགས་པའི་མཚན་མོ་ཞིག །
ཉེར་ལྔའི་དགའ་སྟོན་གླུ་རུ་ལོངས་ཞེས་དྲན་བསྐུལ་ལྷ་མོའི་ལུང་བསྟན་འབྱོར། །
དངུལ་མདོག་དཀར་པོའི་གཟི་ཉམས་ཁྲོད་དུ་ཕྱི་མིག་ཡུད་ཙམ་བཏང་བའི་མོད། །
ལྷན་སྐྱེས་ངག་གི་འཁོར་ལོའི་གར་སྟབས་འདི་ལྟར་ཤོག་དཀར་གཞི་རུ་བསྒྱུར།

གསེར་མདོག་གིས་གཏམས་པའི་ཞབས་རྗེས།

 མ་བཅོས་སེམས་ཀྱི་འདུན་པ་དཀར་པོ་མ་ཕམ་གཡུ་མཚོའི་གཏིང་ལས་ཟབ།
ལེཊ་བཤད་གསེར་གྱི་ཐིག་ཤིང་དྲང་པོ་གནམ་སའི་བར་ན་ལྷང་ངེར་བཙུཊ།
བདེན་གཏམ་རིག་པའི་ཁྱེའུ་བསྙོལ་བར་ལ་རྒྱའི་སེམས་སྟོབས་བྲང་ན་རུམ། །
ས་ཡ་དྲུག་གི་ཀློང་ནས་ཐོན་ཅིང་འཛམ་གླིང་མཛེས་པའི་གདུགས་ལྟར་གྱུར། །

སྐུ་བརྗིད་མཛེས་སྡུག་མེ་ཏོག་ཆུང་ངུ་རིག་པ་འབྱུང་བའི་གྲོང་ལས་འཚར། །
ལྷན་སྐྱེས་ངག་དབང་འགྱུར་ཁུག་རེ་རེས་ལུས་ཅན་ཀུན་ལ་བདེ་དྲོད་བསྐྱིལ། །
མི་རིགས་ཤིག་གི་ལས་ལ་འཁྱུད་པའི་ལྕགས་སྒྲོག་དམར་པོ་སྤྱན་རྩར་ཕོག །
ལ་རྒྱའི་རེ་སྤོབས་ཡིད་ལ་བཅངས་ནས་ཕྲག་དོག་གཏམ་གྱི་གཡང་ལ་སྦྱར། །

ཀླད་མེད་རྒན་པོའི་ཞལ་ལ་མ་ཉན་རང་འདོད་སེམས་ཀྱི་ལྗིད་ཚད་གཞལ། །
རྣམ་རྟོག་བློ་མུག་རྒྱང་དུ་བསྐྲད་ནས་ལོ་རྒྱུས་གསར་རྙིང་བྲང་ཁོག་གཏོར། །
མིང་དུ་གྲགས་པའི་མཁས་པ་འགའ་ལ་བློ་བསྐྱེད་གསེར་ནག་ཁུ་བ་བསིལ། །
རང་དབང་སྤྱོད་པའི་བསྐལ་བ་ཕྲ་ཡང་རང་སེམས་གསོ་བའི་གླུ་རེ་བཞེས། །

བཀྲ་ཤིས་འཁྱིལ་གྱི་ཆོས་རའི་ནང་དུ་རིག་རྒོད་སྟོང་གི་སེམས་པ་དཀྲིགས། །
ན་ཚོད་མཉམ་པའི་ཆོས་གྲོགས་མང་པོ་ཕྲག་དོག་ཚིག་གི་གཡང་ལ་སྦྱར། །
ཐལ་ཤལ་སྤྱོད་པས་རྡོ་དང་དབྱུག་གུ་ཇཤིང་ལ་སོགས་མཚོན་ལྟར་དྲངས། །
དེ་ཡང་འགྲན་བྲལ་སྐྱེས་བུ་ཞིག་གི་ཁྱད་ནོར་ལྡན་པའི་དཔང་རྟགས་ཡིན། །

ཞབས་སེན་མུ་ཏིག་རེ་ཁ་ཟླུམ་པོ་དབུས་ཕྱོགས་ཆོས་ཀྱི་ཁམས་སུ་བསྒྱུར། །
བཙུན་པའི་ཚོཊ་ཀྱི་རྨི་ལམ་ན་ཡང་དགོད་འཛུམ་བྲལ་བའི་རིག་པ་འབར། །
རིགས་ལམ་འཕྲུལ་གྱི་སྒྱོགས་རྡོ་རྣོན་པོས་མཁས་རྒུའི་དྲེཊ་པ་ས་ལ་བསྒྱེལ། །
ལེགས་བཤད་ཆོས་ཀྱི་ར་བ་དཀར་པོར་དགེ་ཆོས་སྙན་པའི་རྡོ་རིང་བཞེངས། །

འཆད་པའི་འབབ་རྒྱུན་ཤིན་ཏུ་རིང་བས་རྨ་ཀླུང་བུ་མོའི་དཔལ་ལ་འགྲན། །
རྩོད་པའི་བརྒལ་བརྟག་ཤིན་ཏུ་མྱུར་བ་གནམ་ལྕཊ་སྔོན་མོའི་རྗེས་སུ་འགྲོ། །
རྩོམ་པའི་སྦྱོར་བར་རྒྱ་གར་མཁས་པ་ཐེ་ཀོར་གྱིས་ཀྱང་འགྲན་ཟླས་དབེན། །
ཕྱི་ནང་གྲུབ་མཐའི་གཞུང་ལུགས་ཀུན་ལ་ཐོགས་བྲལ་མཁས་པའི་རྩེ་མོ་བ། །

མཐོ་བརྗིད་དཔའ་བོའི་ཁྲི་ལ་འགྱིངས་པའི་སྐུ་ངོའི་གདོང་ལ་ཞལ་མའཛུམ། །
མཉམ་ཆུང་འགྲོ་བ་སྤྲང་པོའི་ཚོགས་ལ་སྡང་བའི་སེམས་པ་ཡེ་ནས་སྤངས། །
མི་རིགས་འདི་ལ་རང་དབང་མཛའ་མོ་བག་མར་བསུ་བའི་ཐུ་འདུན་མཆོག །
བར་སྐོར་ནང་གི་བཟི་གཏམ་ཁྲོད་ནས་དམ་པའི་ཐུགས་ཀྱི་ཀློང་ན་གཟིམས། །

གནའ་མཁར་སྟོང་གི་བང་རིམ་ཁྲོད་ནས་ལོ་རྒྱུས་གསོན་པོའི་བྲང་ཁ་སློག །
ངལ་དུབ་སྐོམ་པའི་གདུང་བ་བསད་ནས་མྱ་ངམ་བྱེ་མའི་ཐང་སྟོང་འདུར། །
ཕྱི་རབས་དག་གི་སེམས་ན་བརྐོས་པའི་ཞབས་རྡུལ་རི་མོ་གསེར་ལྟར་གྱུར། །
ངེས་དོན་མཁས་པའི་མཚན་བཟང་ཕུལ་ཏེ་ཁྱེད་ལ་རྟག་ཏུ་སྙན་ངག་འབྲི། །

རྩྭ་རྐང་རྡུལ་ཕྲན་དུད་ཞགས་ཁྲོད་ནས་ལུས་ཀྱི་ངལ་དུབ་མཚམས་རེར་བསད། །
བཅུད་ལྡན་རོ་མཆོག་ཝུ་དཀར་ཀློང་ནས་རྩོམ་རིག་བམ་པོ་བྲག་ལྟར་བརྩིགས། །
ལས་ཀྱིས་ཐོབ་པའི་སྐབས་བསྟུན་དགའ་མར་འདོད་པའི་བྱ་བ་རྗེན་པར་བཏང༌། །
རབ་བྱུང་བཙུན་པའི་མཛད་རྣམ་དོར་ཏེ་སྔགས་སེམས་སྤྱོད་པའི་རྣལ་འབྱོར་བ། །

སྒྱུ་རྩོམ་ལེཊ་བཤད་རོལ་མོའི་ཁྲོད་ནས་ཆགས་སྡང་མིག་ཆུའི་ཕྲེང་བ་བགྲང༌། །
མཛངས་བླུན་སྐྱེ་བོ་སུ་ལ་ཐུག་ཀྱང་འཇིགས་བྲལ་ངག་གི་གད་རྒྱངས་འབར། །
མི་རིགས་ཤིག་གི་སྤྱི་ཚོགས་ཁྲོད་འདིར་གཟེངས་སུ་མཐོ་བའི་མཁས་སྙན་ཅན། །
རིས་མེད་སྤྱན་ཟུང་མཁའ་ལ་གཏད་པས་ཆོས་དང་ཆོལ་གསུམ་རྒྱན་དུ་དཔྱང༌། ། 

སྐུ་ངོ་བཙན་པོའི་ཞལ་ལྕེའི་འོག་ནས་ལས་ཀླུང་མཐོན་པོའི་དར་ཆ་བཅག །
མི་འདོད་བཞིན་དུ་ཕྲ་མ་བཏབ་པས་ཚེ་སྲོག་ཕྲ་མོའི་ཟུངས་ཐག་བཅད། །
ཞལ་གསུང་བཅུད་ཀྱི་གདམ་པ་དུ་མ་ཀླད་མེད་རྒན་པོས་མེ་ལ་བསྲེགས། །
མི་རིགས་ཤིག་གི་གྱོང་གུད་ལགས་ན་འགྲོ་ཀུན་འཕོང་བའི་གཞི་རུ་གྱུར། །

ངེས་དོན་གངས་རིའི་དཔའ་བོའི་མཚན་སྙན་དམ་པ་ཁྱེད་ཀྱི་སྐུ་ལ་མཛའ།
ངེས་དོན་གངས་རིའི་མཁས་པའི་སྙན་པ་དམ་པ་ཁྱེད་ཀྱི་གསུང་ལ་མཛའ།
ངེས་དོན་བོད་ཀྱི་བྱམས་བརྩེའི་རིན་ཐང་དམ་པ་ཁྱེད་ཀྱི་ཐུགས་ལ་མཛའ།
ངེས་དོན་ཡོན་ཏན་སྟོང་གིས་ཕྱུག་པའི་དམ་པའི་མཚན་འདི་ཤིན་ཏུ་སྙན། །

འགྲན་བྲལ་མཁས་པའི་ཡང་རྩེ་ཁྱེད་ནི་མི་མངོན་དག་པའི་ཀློང་དུ་གཟིམས། །
ལེགས་བཤད་གསེར་གྱི་བ་གམ་སྟེང་ན་ལོ་རྒྱུས་མཁན་པོས་འདག་ཞལ་བསྐྱོན། །
ཕྱི་རབས་རྩོམ་རིགས་མདུན་ལམ་རིང་མོ་མ་རྟོགས་འདམ་གྱི་འོབས་སུ་བརྫིས། །
ཡང་སྲིད་ཉི་གཞོན་མགོན་དུ་དྲངས་ཏེ་མུན་པའི་རྫོང་ཆེན་གཏོར་མཛོད་ཅིག །

དེ་ལྟར་སྙན་རྩོམ་འདབ་མའི་སྦུབས་ལས་སྣང་སེམས་རི་མོར་སིམ་པའི་གླུ། །
དབྱངས་སུ་གྱེར་ལ་འཇིགས་པ་བྲལ་བ་བླུན་པོ་དར་མའི་སྙིང་ཁམས་ཅན། །
བྱ་འཕུར་ཚང་གིས་ངག་རིག་འཁོར་ལོ་ཅུང་ཙམ་བསྒྱུར་བའི་རབ་བྱེད་འདི། །
ཞི་བདེའི་རྒྱ་མཚོའི་ཀློང་དུ་བསྙད་པ་མཛེས་སྡུག་འབར་བའི་གུར་ཁང་ནས། །

Monday, August 8, 2011

ཤིས་བརྗོད་རྣམ་པར་རྒྱལ་བའི་རྒྱང་གླུ།





ཧི་མ་ལ་ཡི་བོན་དྲ་བའི་སྒོ་འབྱེད་ལ་རྟེན་འབྲེལ་ཞུས་པའི་འཕྲིན་ཐུང་།


མདུན་ཤོག
བཀོད་པ་ཡིད་འོང་རྣམ་བཀྲའི་གུར་ཁྱིམ་དབུས། །

ཕུན་ཚོགས་འདོད་དགུའི་རཌྣ་འབུམ་འཁྱིལ་བ། །
ཐམས་ཅད་གསལ་བར་བྱེད་པའི་གློག་གི་རླབས། །
དང་པོར་བསུས་པའི་སྒོ་གླེགས་རྣམ་པར་བརྒྱན། །
ཆ་འཕྲིན།
ཇི་སྙེད་གླིང་བཞིའི་བྱུང་བ་ཡོངས་སུ་རྫོགས། །

དེང་རབས་རིག་པའི་ཆ་འཕྲིན་ལ་སྡེབས་ནས། །
ཀུན་གྱི་གསོས་སུ་འབེབས་པའི་སྒེག་ལྡན་མ། །
དུས་ཀྱི་འཕྲིན་སྒྲ་སྒྲོགས་པའི་ཕོ་ཉར་བཞེངས། །
གཡུང་དྲུང་བོན།
གྲུབ་པའི་ཁྱུ་མཆོག་བྱེ་བས་ལོངས་སྤྱད་ཅིང་། །

ཡང་དག་ལྟ་གྲུབ་རྣམ་པར་རྒྱལ་བའི་འཕྲེང་། །
སྲིད་པ་གསུམ་གྱི་དབྱིངས་སུ་བསྒྲེངས་པ་ཡི། །
གཤེན་སྟོན་ཆེན་པོའི་རྒྱལ་མཚན་འདི་ན་ཕྱར། །
ལོ་རྒྱུས།
མུན་ཁུང་སྟེགས་བུར་རློམས་པའི་བུ་ག་རུ། །
མ་རྟོགས་རིག་པ་ཉལ་བའི་སྤྲེལ་ཚོགས་ལ། །
ཡང་དག་ཤེས་རིག་སྒྲོན་མེ་འདེགས་པ་པོ། །
ལོ་རྒྱུས་གསོན་པོའི་བྲང་ཁོག་འདི་རུ་ཕྱེས། །
དཔྱད་གླེང་།
ལེགས་བཤད་འོ་མཚོ་འཁྱིལ་བའི་ཀློང་ཆེན་དུ། །

རྣམ་དཔྱོད་བློ་གྲོས་འབུམ་གྱིས་བསྲུབས་པ་ཡི། །
ཡང་དག་མངར་ལྡན་འབྲུ་མར་སེར་པོའི་བཅུད། །
འཁྲིས་ནད་བྲལ་བའི་བུ་ལ་གསོས་སུ་འཚམས། །
ལེགས་རྩོམ།
མ་བཅོས་དུང་བ་འཕར་བའི་བྲང་གཞུང་ནས། །
བསྡེབ་སྦྱོར་ནོར་བུའི་བརྒྱན་གྱིས་སྤུད་པ་ཡི། །
ཡང་དག་དགེ་བའི་ལམ་དུ་བསྐུལ་བའི་གཏམ། །
ཞལ་གདམས་དྲོན་མོའི་ཞུན་ཁུ་འདི་རུ་འཁྱིལ། །
གསུང་རབ།
རྣམ་དཔྱོད་རིག་པ་འབུམ་གྱི་གདེངས་ཀ་རུ། །

རབ་འབྱམས་ཤེས་རིག་གྲོགས་སུ་སྦྲན་པ་ཡི། །
ཕྱག་རྗེས་གླེགས་བམ་ལྷུན་པོའི་གཏོས་ལྟ་བུ། །
སྣ་ཚོགས་སྤུངས་པའི་བཟོ་བཀོད་བལྟ་ན་སྡུག །
བརྙན་རིས།
རང་བྱུང་རི་མོར་བཀོད་པའི་སྣང་བརྙན་གྱིས། །
མ་མཇལ་དངོས་སུ་འཕྲད་ལྟའི་ཚོར་ཤེས་ལ། །
གང་ཞིག་གསལ་བར་བྱེད་པའི་རི་མོའི་ཕྲེང་། །
ཆུ་བུར་འདྲེན་བྱེད་བདུད་རྩི་འདི་ན་བཤམ། །
མི་སྣ།
དྲི་བྲལ་ལྷག་བསམ་ཁ་བ་དཀར་པོའི་མདངས། །

གཤེན་བསྟན་ལུགས་བཟང་ཟླ་བའི་མ་མ་རུ། །
ལེགས་པར་སྤྱོད་པའི་མཛད་འཕྲིན་ས་ལེ་བ། །
ས་རུ་འཁྱིལ་བའི་ཞབས་རྗེས་འདི་ན་འཛུམ། །
དགོན་སྡེ།
མཐོར་འདེགས་ཧི་མ་ལ་ཡི་དབུ་འཕང་ནས། །

སྨད་ཕྱོགས་ཁྲོ་སྐྱབས་རྒྱལ་བོའི་ཕོ་བྲང་བར། །
བཤད་སྒྲུབ་བསྟན་པ་རྒྱས་པའི་ཚལ་ཆེན་པོ། །
བྱ་བྲལ་དབེན་པའི་སྡེ་ཚོགས་འདི་ནས་མཇལ། །


      ཤིས་ཚིག་རྣམ་པར་རྒྱལ་བའི་རྒྱང་གླུ་ཞེས་པ་འདི་གཙོ་བོ་དྲ་ཚིགས་གཙོ་སྒྲུབ་པ་རྣམས་ལ་ཐུགས་རྗེའི་ལེགས་གསོལ་གྱི་ཚུལ་དུ་ཕུལ་བ་ཡིན་ཞིང་། ལྷན་རྒྱས་ནས་ཀྱང་འདི་བཞིན་རང་རེའི་བསྟན་དོན་ལ་སྨན་པའི་ཁུར་བོ་རླབས་ཆེན་དེ་བསྐལ་བརྒྱའི་བར་དུ་བརྟན་ཕྱིར༌མུ་མཐུད་ནས་འབད་བརྩོན་གནང་རྒྱུ་ས་མཐའི་གྲྭ་རྒན་ངའི་རེ་བ་ཆེ་ཤོས་ཤིག་ཡིན། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་བྱང་ཨ་རིའི་ནུབ་ངོས་སུ་བརྟན་བཅས་པ་༼རྒྱལ་གཤེན་ཞང་བོད་རིག་སློབ་ཁང་༽ནས་ཉིན།

Friday, August 5, 2011

༸རྒྱལ་བ་སྨན་རི་བ་མཆོག་ San Francisco རུ་ཞབས་སོར་བཀོད་པ།



ཨ་ཤེས་རབ། 
༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྟོན་འཁོར་གྱིས་ཨ་རིའི་ཤར་ཕྱོགས་ཁུལ་དུ་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༠ ཉིན། ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ San Francisco རུ་ཞབས་སོར་བཀོད་ཅིང་། འདིར་ཡོད་བོན་གྱི་ཚོགས་སྡེ་རྒྱལ་གཤེན་ཞང་བོད་རིག་སློབ་ཁང་གི་འགན་འཛིན་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་དང་། བླ་མ་གཡུང་དྲུང་བསྟན་འཛིན། རྡ་ས་བུ་ཁྱིམ་སློབ་གྲྭའི་སློབ་སྤྱི་ཟུར་བ་རྒན་ཚེ་དབང་མི་འགྱུར། གངས་དཀར་ཏི་སེ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ཚེ་རིང་དབྱངས་སྐྱིད་སོགས། ཕྱི་ནང་བོན་འབངས་ཀུན་གྱིས་སྟོན་འཁོར་ལྷན་རྒྱས་ལ་ཕེབས་བསུའི་མཇལ་དར་བཅས་ཀྱིས་སྣེ་དྲངས་ཏེ་གནམ་གྲུ་ཐང་ཆེན་ནས་ Yun Lin Temple དུ་གདན་འདྲེན་ཞུས། ཚེས་ ༡༢ ཉིན་ Yun Lin Temple དུ་རྒྱ་རིགས་གཙོས་ཕྱི་གླིང་བོན་འབངས་སོགས་ཡོངས་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྐྱོང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་ཐུགས་དམ་སྲིད་རྒྱལ་དྲག་སྔགས་ལས་འཕྲོས་ཏེ་ཡི་དམ་ལྷ་ཡི་བྱིན་རླབས་ཚེ་འདི་དང་ཕྱི་མར་ཇི་ལྟར་འཐོབ་ཚུལ་གྱི་བཀའ་ཁྲིད་དང་ལྗགས་ལུང་བསྩལ། 

 ཚེས་ ༡༤ ཉིན་སྐལ་ལྡན་ཤེས་ཡོན་ཐེབ་རྩ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་བོན་འབངས་རྣམས་ལ་ཟློས་ཆོག་མ་ཏྲི་རིན་ཆེན་སྒྲོན་མའི་གསུང་ཁྲིད་དང་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང། སྐལ་ལྡན་ཤེས་ཡོན་ཐེབ་རྩ་ལྷན་ཚོགས་ནི། Teacher Ho འམ་རྗེ་བཙུན་དར་མ་ལགས་ཀྱིས་བོད་ཀྱི་རིག་གཞུང་དང་ཤེས་ཡོན་གོང་འཕེལ་གཏོང་ཆེད་ལོ་བཅུའི་ཡར་སྔོན་ནས་བཙུགས་པའི་དཔལ་འབྱོར་ཐེབ་རྩ་ཚོགས་པ་ཞིག་ཡིན་ཞིང་། ༸སྐྱབས་རྗེ་སྨན་རིའི་སློབ་དཔོན་རིན་པོ་ཆེའི་ཐུགས་བསྐུལ་འོག དེ་གའི་ཚོགས་པ་བརྒྱུད་ད་ལྟའི་ཆར་༸དཔལ་གཤེན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་བརྒྱ་ཕྲག་ལྷག་ལ་སློབ་སྦྱོང་དང་འཕྲོད་བསྟེན་ཆེད་མཐུན་འགྱུར་རྒྱ་ཆེར་ཞུ་བཞིན་ཡོད་འདུག ཚེས་ ༡༦ ཉིན་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་སྟོན་འཁོར་དང་བཅས་འཇའ་པན་ཞི་བའི་རྒྱ་མཚོའི་ཉེ་འགྲམ་ནས་ཆིབས་འཁོར་བརྒྱུད་ Los Angele རུ་བོན་གཤེན་གླིང་ཚོགས་པས་བཀོད་སྒྲིག་འོག འཚོགས་གཏན་འཁེལ་བའི་རྫོགས་ཆེན་གསེར་གྱི་ཐུར་མའི་བཀའ་ཁྲིད་ཀྱི་ཚོགས་མགོན་དུ་ཞབས་སོར་བཀོད། 

རྒྱལ་གཤེན་ཞང་བོད་རིག་སློབ་ཁང་།




                           ཁྲི་གཡུང་དྲུང་གིས་ཧི་བོན་དྲ་བ་རུ་བཀོད་པ་འདིར་དྲངས།
རྒྱལ་གཤེན་ཞང་བོད་རིག་སློབ་ཁང་ནི་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་བྱང་ཨ་མི་རི་ཀའི་ནུབ་ངོས་ཀྱི་གྲོང་ཁྱེར་ San Francisco Bay Area རུ་གསར་དུ་གཙུགས་པའི་ཞང་བོད་ཀྱི་རིག་གཞུང་སློབ་གཉེར་ཁང་ཞིག་ཡིན་ཞིང་། འདི་ཟླའི་ཚེས་ ༥ ཉིན་ཚོགས་པ་དེ་ཨ་རིའི་གཞུང་དུ་ཆོག་འཆན་དེབ་སྐྱེལ་འོག་ UC Berkeley མཐོ་རིམ་སློབ་གཉེར་ཁང་གི་འབུམ་རམས་པ་ཁག་ཅག་གིས་དབུས་ས་གནས་མི་མང་གང་འཚམས་ཤིག་འཛོམས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་བསྡུས་པ་ཞིག་སྤེལ། ཐོག་མར་བྱ་འཕུར་དགེ་བཤེས་དང་། སྣང་ཞིག་དགོན་གྱི་གྲྭ་བ་ཤེས་རབ།༼བླ་མ་གཡུང་དྲུང་།༽ ཕྱི་གླིང་བ་བོན་ཆོག་ལ་གོམས་འདྲིས་གང་འཚམས་ཕྱིན་པའི་སློབ་མ་ཁག་ཅིག་གིས་མདོ་ གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་ལྟར་རབ་གནས་ཁང་གསར་གྱི་བྱ་བའི་དབུ་ཐོག་མར་བཙུགས་ཤིང་། སྒོ་དབྱེའི་སྐབས་གཤེན་རབ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་གམ་དུ། ཕྱོགས་བཞིའི་མཆོད་འབུལ་གྱི་ལྷ་མོ་དབྱིངས་ནས་སྤྱན་དྲངས་ཏེ། རིག་སློབ་ཁང་གི་མ་འོངས་པའི་འཆར་བཀོད་གསས་ཁང་གསར་པ་དེའི་ཕྱོགས་བཞི་ནས་སྣང་གསལ་འོད་ཀྱི་སྒྲོན་མེ་བསྟར་འབུལ་ཞུས། མཛད་སྒོའི་གཏམ་བཤད་སྐབས། བྱ་འཕུར་དགེ་བཤེས་ཀྱིས། ‘‘ཁོ་བོས་རིང་མོ་ཞིག་ནས་ས་གནས་འདིར་བོན་གྱི་ཚོགས་པ་ཞིག་འཛུགས་ཐུབ་ན་བསམ་སོང་། དེར་སྤྱིའི་ཆ་ནས་རྒྱུ་མཚན་མང་པོ་ཞིག་ཡོད་བསྡུས་ན། 


གཅིག་ནི། ས་ གནས་འདི་ནི་ཨ་རིའི་ནང་གི་ཕྱིའི་ཁོར་ཡུག་ཕུན་སུམ་ཚོགས་ཤོས་དང་ལྷག་པར་གནམ་ གཤིས་ཀྱི་དྲོ་གྲང་བསྙོམ་ལ་མི་མང་གི་སེམས་ལ་ཀུ་ཡངས་ཆེ་བ་སྟེ། གཞན་དང་མ་འདྲི་བར་འདིར་ཆོས་དང་རིག་གཞུང་སྣ་མང་ཞིག་འཛོམས་ཡོད། དེ་བཞིན་ UC Berkeley ཞེས་འཛམ་གླིང་ནང་སྐད་གྲགས་ཆེ་བའི་མཐོ་རིམ་སློབ་གྲྭ་ཆེན་མོ་དེ་ས་གནས་འདིར་ ཡོད། དེར་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་སློབ་གཉེར་བ་སྟོང་ཕྲག་སུམ་ཅུ་ལྷག་ཡོད་སྐད། ངའི་རེ་བར་སློབ་མ་དེ་ཚོའི་ཁྲོད་ནས་ཞང་ཞུང་དང་བོན་གྱི་སྐོར་ལ་དོ་སྣང་ཅན་དུས་ ནམ་ཞིག་བོན་གྱི་དཔེ་གཞུང་རེ་གཉིས་ཐད་ཀར་དབྱིན་བསྒྱུར་དང་བོན་གྱི་བླ་མ་རྣམས་ ལ་གསུང་བསྒྱུར་ཞུ་ཐུབ་མཁན་གྱི་སློབ་མ་འགའ་རེ་ཡོང་ཐུབ་ན་སྙམ་པས། དེའི་རིགས་ལ་ཟུར་དུ་ཞང་བོད་ཀྱི་རིག་གཞུང་སློབ་གཉེར་བྱེད་སའི་ཁེ་མེད་ཀྱི་ སློབ་གཉེར་ཁང་ཞིག་སྤྱི་ཚོགས་ཞབས་ཞུའི་ཆེད་ཡིན།
      གཉིས་པའི་ཆ་ནས། ད་ལྟའི་ ཆར་ཤར་ནུབ་རྒྱལ་ཁབ་འདྲ་མིན་དུ་མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་སྡེ་ཚན་ཁག་མང་པོར་ཞང་ཞུང་དང་བོན་གྱི་སྐོར་ལ་དོ་སྣང་གནང་མཁན་གྱི་དགེ་རྒན་དང་། སློབ་མ། ཞིབ་འཇུག་པ་གང་འཚམས་འདུག་ན་ཡང་། མང་པོ་ཞིག་གིས་གནས་སྐབས་ཕྱིའི་དངོས་པོའི་ཆ་གཅིག་པུར་བརྟགས་ནས་བོན་གྱི་ལོ་རྒྱུས་ལས་བརྒལ་བའི་བསྒྲགས་གཏམ་སྣ་ཚོགས་སྤེལ་ཡོད། དཔེར་ན་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ནི་མི་ལོ་སྟོང་ཕྲག་བཅུའི་སྔོན་ནས་མཐོ་སྒང་དུ་དར་བའི་ནང་པའི་བསྟན་པ་ཞིག་ཡིན་ཡང་། ཞིབ་འཇུག་པ་ཁག་ཅིག་གིས་མི་སྟོང་ཕྲག་རེ་གཉིས་ལས་བརྒལ་མི་ཐུབ་པའི་དཔྱད་རྩོམ་དང་དཔེ་དེབ་འདྲ་མིན་བྲིས་གནང་བ་འདིས། རྩ་བའི་བོན་གྱི་བསྟན་པ་ལ་ཕན་ལས་གནོད་ཆེ་བ་འབྱུང་བའི་ཚོར་སྣང་བྱུང་། ངའི་བསམ་པར་ཕྱི་དངོས་པོ་དང་ནང་བསམ་བློའི་གདེངས་གཉིས་ཀའི་ཕྱོགས་ནས་ཕན་ཚུན་མ་ཡོ་མ་འཁྱུག་པར་གཤོག་པ་གཉིས་ལྡན་ཞིག་བྱེད་ཐུབ་ན། ནང་པ་སངས་རྒྱས་པའི་ནང་ཉམས་ལེན་གྱི་ནུས་པ་མཐོ་རུ་གཏོང་ཐུབ། དེ་ཐུབ་ན་ཕྱིའི་ཚན་རིག་དང་ནང་སེམས་ཀྱི་འབྲེལ་བའི་ཆ་མང་པོ་ཞིག་ལ་ཕན་ཚུན་ རྟེན་འབྲེལ་གྱི་ནུས་པ་ཞིག་ཡོད་པ་ཕྱིར་མངོན་ཡོང་བས། ང་ཚོའི་ལུས་སེམས་ཀར་ནང་སེམས་ཀྱི་ཉམས་ལེན་ལས་བསྐྱེད་པའི་བདེ་སྐྱིད་ཀྱི་རྩ་ བའང་དེ་ན་ཡོད།

གསུམ་པའི་ཆ་ནས། དུས་ད་ལྟ་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་མང་པོའི་ནང་བན་ཕྱོགས་ཀྱི་གཞུང་ལུགས་ཆེས་ མང་པོ་ཞིག་དབྱིན་ཡིག་ཏུ་བསྒྱུར་ཟིན་པས། འཛམ་གླིང་ནང་བན་ཕྱོགས་ཀྱི་ལྟ་གྲུབ་ཇི་ལྟར་ངོ་སྤྲོད་ཆེད་དཔེ་དེབ་ཆེ་ཆུང་འདྲ་ མིན་ཞིག་དཔེ་ཚོང་ཁག་ནས་བླུ་ཐབས་དང་དཔེ་མཛོད་ཁང་དུ་མཇལ་རྒྱུར་ཡོད་ན་ཡང་། རང་རེ་བོན་གྱི་དཔེ་དེབ་ནི་ཆེས་དཀོན་པ་ལྟ་བུ་ཞིག་རེད། ཡོད་པ་དེའང་གནའ་བོའི་གཞུང་ལུགས་ཇི་ལྟར་བསྒྱུར་ནས་དཔར་བསྐྲུན་ཞུས་པ་ཆེས་ཉུང་ ཉུང་རེད། སྤྱིར་ང་ལ་མཚོན་ན་ནུབ་ཕྱོགས་པའི་སྤྱི་ཚོགས་ལ་ཆ་རྒྱུས་ཆེན་པོ་དེ་འདྲ་མེད་ལ། ལྷག་པར་དུ་ཐ་ན་དབྱིན་ཡིག་སྦྱང་བའི་འགོ་བཙུགས་ཏེ་ལོ་གཅིག་དང་ཟླ་བ་རེ་གཉིས་ ལས་ཕྱིན་ཡོད་པ་མ་རེད། ཆེས་ཧམ་པ་ཆེ་བའི་བཟོ་ཞིག་འདུག འོན་ཀྱང་ངའི་གྲོགས་པོ་མཁས་པ་ཁག་ཅིག་དང་ལྷན། ད་ལྟ་བར་དབྱིན་བསྒྱུར་གྲུབ་ཟིན་པ་ཁག་ཅིག་ཡོད། དེའི་ནང་ནས་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་རིན་པོ་ཆེས་མཛད་པའི་༼ཁྲིད་ཡིག་ཀུན་ ཏུ་བཟང་པོའི་སྙིང་ཏིག་༽མི་འགྱངས་པར་དཔར་བསྐྲུན་བྱེད་ཐུབ་ཡོང་བསམ་ཡོད། དེ་རིང་འདིར་མཁས་དབང་ Kurt Keutzer དང་ལྷན་ཕབ་བསྒྱུར་ཞུས་པའི་བླ་མ་ལི་ཤུའི་ཞལ་གདམས་དབྱིན་བསྒྱུར་མ་བོད་ཡིག་དང་ ལྷན་ཤོག་ངོས་ཕོན་ཆེན་དེ་འདྲ་མེད་ན་ཡང་། ཐོག་མའི་རྟེན་འབྲེལ་གྱི་ཚུལ་དུ་རིག་སློབ་ཁང་གི་མིང་ཐོག་ནས་རྫོགས་ཆེན་གྱི་ ཞལ་གདམས་དེ་ཁྱོད་ཚོར་འབུལ་ཐུབ་པ་བྱུང་།”ཅེས་སོགས་གཡུང་དྲུང་བོན་གྱི་བསྟན་ པའི་ལོ་རྒྱུས་ཀྱི་ཆེ་བ་བཅས་རིམ་པར་གསུངས། དེ་རྗེས་རིག་སློབ་ཁང་གི་ཚོགས་གཙོ་གཞོན་པ་ Joyce Asmussen, Mark Hammons། ཡིག་བསྒྱུར་སྡེ་ཚན་གྱི་སློབ་སྟོན་པ་ Professor Kurt Keutzer སོགས་ཀྱིས་མ་འོངས་པར་རིག་སློབ་ཁང་འདི་འཛིན་སྐྱོང་ཇི་ལྟར་བྱེད་ཕྱོགས་ཐད་ལེགས་ཉེས་བླང་དོར་གྱི་གསུངས་བཤད་གནང་། ཚོགས་པའི་ལས་དོན་གྱི་ཁྱབ་ཁོངས་སུ། ཞང་བོད་གནའ་རབ་ཀྱི་དཔེ་རྙིང་འགའ་གསུང་བསྒྱུར་དཔེ་བསྐྲུན་དང་། བོད་ཕྱི་ནང་གི་བོན་གྱི་སློབ་གཉེར་བ་རྣམས་ལ་མཐུན་རྐྱེན་ཞབས་ཞུ། རིམ་པས་བོན་གྱི་བླ་སྤུལ་དགེ་བཤེས་རེ་འགའ་ཆེད་དུ་གདན་ཞུས་ཀྱིས་གསུང་ཁྲིད་ཞལ་གདམས་ཞུ་བ་སོགས། མདོར་ན་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་དང་དེ་ཉམས་སུ་ལེན་པའི་སྤྱི་ཚོགས་ ཁྲོད་རང་ནུས་གང་ལྕོགས་ཀྱིས་གཙོ་བོ་གཞན་ལ་ཞབས་ཞུར་དམིགས་པའི་ལས་དོན་ཁག་རིམ་པས་བསྒྲུབ་རྒྱུ་དེ། འདི་གའི་ཚོགས་པའི་དགོས་པ་དང་དམིགས་ཡུལ་ལྟ་བུར་མཐོང་། དེའི་ཕྱིར་ན་ཚོགས་བཅར་བ་ཚང་མས་སོ་སོའི་ཕྱོགས་ནས་ཚོགས་པའི་ལས་དོན་དེ་དག་ལ་ རྒྱབ་སྐྱོར་དང་ས་གནས་འདིར་གཡུང་དྲུང་བོན་གྱི་ཚོགས་པ་ཞིག་གསར་དུ་ཚུགས་པར་བསྔགས་བརྗོད་རྟེན་འབྲེལ་བཅས་སྒོ་འབྱེད་ཀྱི་མཛད་སྒོ་བཀྲ་ཤིས་པའི་ངང་གྲོལ་ལོ། །